查看原文
外语学习

མིང་མཛོད་དཔྱད་གླེང་ཚོགས་འདུ་ཐེངས༤༦པའི་སྐབས་ཀྱི་སྐུ་པར་གསར་བ།

阳光慈悲 阳光之卫 2023-07-08

མི་ལོ་ཧྲིལ་བོ་བཅུ་དགུའི་རིང་བོད་སྐད་ཡིག་གི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་མིང་མཛོད་རྩོམ་སྒྲིག་དཔྱད་གླེང་ཚོགས་འདུ་ཐེངས༤༦པའི་སྐབས་ཀྱི་སྐུ་པར་གསར་བ།



























སེམས་དཔའ་ཤེས་རབ་འོད་ཟེར་ཅན།


          ___ཧཱུྃ་ཀར་རྡོ་རྗེ།


ཡུན་རིང་དག་ལ་མཐོང་བ་དང་།།

ཐོས་སམ་འོན་ཏེ་སེམས་པ་ཡིས།།

གང་གི་ཚུལ་ནི་ཁྱད་འཕགས་པ།། 

ཁྱེད་ཀྱི་རང་བཞིན་འགའ་བརྗོད་སྙམ།། 


དང་པོར་ཐོས་པའི་མཐའ་རྒྱ་བཅད།།

བར་དུ་བསམ་པས་ཐེ་ཚོམ་བསལ།།

ཐ་མར་རྒྱུད་ལ་ཡང་དག་སྦྱར།།

ཁྱེད་ནི་ངེས་དོན་དགེ་བའི་བཤེས།། 


ཚུལ་གནས་གསེར་གྱི་སྡོང་པོ་བརྟན།། 

བསམ་གཏན་གཡུ་ཡི་ལོ་མས་ལྕིད།། 

ཤེས་རབ་འབྲས་བུས་ཡོངས་སུ་སྤུད།།

བསླབ་གསུམ་དཔག་བསམ་དགའ་ཚལ་རྒྱས།།


ཆོས་ཀྱི་གཞུང་ལུགས་མཐར་ཕྱིན་ཞར།།

མི་ཆོས་གཙང་མའི་ཁྱད་ཆོས་རྫོགས།།

ད་དུང་ཚན་རིག་རྣམ་བཞག་གསལ།།

དོན་གྱི་བློ་ལྡན་ཁྱེད་ལས་སུ།།

         

ཁ་ནས་ནམ་མཁས་གར་ཁྱབ་པའི།།

སེམས་ཅན་ཟེར་ཞིང་མིག་ཟུམ་ཟུམ།།

དོན་ལ་ཤ་ཁྲག་གིས་འཚོ་བ།།

དེ་འདྲའི་རྣམ་ཐར་རྒྱང་དུ་དོར།།


སེམས་ཅན་སུ་ཡིན་མར་གྱུར་བའི།།

གནས་ལུགས་སེམས་ཀྱིས་རྟོགས་ནས་སུ།།

སྲོག་གི་སྦྱིན་པའི་གཏེར་སྒོ་འབྱེད།།

དོན་གྱི་སྙིང་རྗེ་ཁྱོད་ལ་མངའ།།


ཤར་ནུབ་གོ་ལའི་ཁྱོན་ཀུན་ཏུ།།

སྙན་པའི་མེ་ཏོག་འཛུམ་པར་བརྡལ།།

ལུགས་གཉིས་གཏམ་གྱི་དྲི་ངད་ལ།།

སྐྱེ་དགུའི་བུང་བ་སྤྲིན་ལྟར་མཆེད།།


འབད་ལ་གསེར་དངུལ་རིན་ཆེན་གྱི།།

ནོར་བདག་ཆེན་པོར་གྱུར་བ་ནི།།

ཁྱོད་ལ་མཚོན་ན་ཡུད་ཙམ་མོད།།

ཆོག་ཤེས་ནོར་ལས་མེད་ཅེས་གྲགས།།


ནང་ལ་ཆོག་འཛིན་གྱིས་དབུལ་བ།།

བདག་ཅག་ཕྱི་ཚུལ་ཙམ་ལ་གཡེང་།།

ངེས་ཤེས་ཡོན་ཏན་གྱིས་གཏམས་ཁྱོད།།

འདོད་ཆུང་ཚུལ་གྱིས་ཀུན་ལས་བརྗིད།།


ཚིག་གི་ལམ་དུ་གོལ་བ་དག།

ཐོས་བསམ་ཆགས་སྡང་ལག་ཆར་བཀོལ།།

ཁྱོད་ནི་གང་ཤེས་རང་གཞན་གྱི།།

ཕན་བདེའི་སྤྱོད་ལམ་ཉིད་དུ་སོང་།།


སྲོག་གི་སྦྱིན་པ་སྦྱིན་པའི་གཙོ།།

དམར་ཟས་སྤངས་བ་སྙིང་རྗེའི་མཐུ།།

བྱམས་བརྩེའི་དོན་ལ་དངོས་གནས་པ།།

ཁྱོད་དང་འདྲ་བ་མང་བ་མིན།།


བྱ་དངོས་གང་ལའང་ཕན་གནོད་ཀྱི།།

ཆ་ཤས་གཉིས་སུ་སྣང་བ་ལ།།

ཁྱོད་ཀྱིས་གང་བྱེད་རྣམ་ཀུན་ཏུ།།

ཕན་པ་ཆེ་ཕྱིར་ངོ་མཚར་གནས།།


ཕྱི་ནང་རྐྱེན་གྱིས་ཉམ་ཐག་པ།།

ཁ་བ་དཀར་པོའི་རང་བཞིན་ལ།།

དོན་གྱི་ཤ་ཚས་གཏམ་སྨྲ་བ།།

ཁྱོད་ཀྱི་རྣམ་དཔྱོད་ཕྱོགས་མ་ལྷུང་།།


ཕྱོགས་མེད་ཐབས་དང་ཤེས་རབ་ཀྱིས།།

ཁྱོད་ལ་བསྟོད་ན་བསྟོད་པ་སྟེ།།

བསྟོད་སྨད་ཚིག་གཞན་ཅ་ཅོ་ཡིས།།

ཁྱོད་ཀྱི་ངོ་བོ་མཚོན་མི་ནུས།།


འགའ་ཞིག་ཁྱོད་ལ་བསྔགས་པའམ།།

སྨད་པའང་གྲུབ་མཐའི་ཆགས་སྡང་ཙམ།།

བདག་ནི་ཁྱོད་ཀྱི་དྲང་བདེན་དང་།།

ལྷག་བྱམས་རྟུལ་ཕོད་དག་གིས་ཚིམས།།


འདོད་དང་སྡང་ཞེན་ལ་རྔམ་པའི།།

དུས་ཀྱི་མུན་ནག་གདལ་བའི་ཁྲོད།།

སེམས་དཔའ་ཤེས་རབ་འོད་ཟེར་ཅན།།

མི་འགྱུར་ལྷམ་མེར་འབར་གྱུར་ཅིག།


ཡུལ་མགོ་ལོག་གི་རྒྱལ་ཁམས་པ་ཧཱུྃ་ཀར་རྡོ་རྗེ་རུ་འབོད་པས་ཡུད་ཙམ་པ་ཞིག་ལ་དྲན་པ་ནང་དུ་བཀུག་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་རང་བཞིན་ཅུང་ཙམ་བརྗོད་པའོ། །

སྔ་འགྱུར་དཔེ་ཚོགས་ཀྱི་མགོ་བརྗོད། 


མཁན་པོ་ཚུལ་ཁྲིམས་བློ་གྲོས། 


༄༅།།དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།།

 དེ་ཡང་བོད་གངས་ཅན་གྱི་ལྗོངས་འདི་ན་ཆེས་ཤིན་ཏུ་སྔ་མོ་ཞིག་ནས་མི་རྣམས་འཚོ་ཞིང་གནས་པ་ཡིན་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་རྣམ་འབྱེད་ལས་བོད་ཀྱི་གྲོང་ཚོ་ཆགས་ཚུལ་ཡང་གསུངས་སྣང་ལ། དོན་དུ་ན་དེ་བས་ཀྱང་ཆེས་སྔ་མོ་ཞིག་ནས་མི་རྣམས་རིག་གནས་ལག་རྩལ་དང་བཅས་པའི་སྒོ་ནས་གནས་ཡོད་པར་གཏན་ཚིགས་མང་པོ་དགོད་རྒྱུ་ཡོད། དེས་ན་འཛམ་གླིང་ཧྲིལ་པོའི་དབང་དུ་བྱས་ཀྱང༌། ཡུལ་ལ་སྔ་བ་གངས་ཅན་གྱི་ལྗོངས། མི་ལ་སྔ་བ་གདོང་དམར་གྱི་བོད་ཅེས་བརྗོད་ནའང་ཆོག་པ་ལྟ་བུར་ཡོད། འོན་ཀྱང་དུས་ཡུན་ཤིན་ཏུ་རིང་མོ་ཞིག་གི་ཡུན་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མེད་པས་ལས་རྒྱུ་འབྲས་ཀྱི་བླང་དོར་སོགས་ནི་མི་ཤེས། དེའི་ཕྱིར་སྔོན་གྱི་མཁས་པ་དག་གིས་བོད་ཡུལ་མུན་པའི་གླིང་ཞེས་ཀྱང་གསུངས། དུས་ཕྱིས་སུ་བཙད་པོའི་རྒྱལ་རབས་ཀྱི་མགོ་ཚུགས་ནས་ཐོག་མར་རྒྱལ་པོ་གཉའ་ཁྲི་བཙད་པོ་བྱུང༌། དེ་ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་འདས་པ་ན་ལྷ་ཐོ་ཐོ་རུ་གཉན་བཙན་བྱོན། དེའི་དུས་སུ་མདོ་སྡེ་ཟ་མ་ཏོག་བཀོད་པ་དང༌། སྤང་སྐོང་ཕྱག་བརྒྱ་པ་སོགས་རྙེད་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཙམ་ཞིག་བྱུང༌། དེ་ནས་མི་རབས་ལྔ་པ་ན་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན། 

 འདིའི་སྐུ་དུས་སུ་བཙད་པོ་གོང་མ་རྣམས་བཞིན་དུ་བོད་ཀྱི་ཡུལ་ཁམས་ཕྱོགས་རེ་བ་ཙམ་ལ་དབང་སྒྱུར་བ་ཁོ་ན་མ་ཡིན་པར་གངས་ཀྱི་རི་རྒྱུད་དག་ཀྱང་བརྒལ་ནས་མངའ་ཐང་གི་ཁྱབ་རྒྱ་ཤིན་ཏུ་རྒྱ་ཆེ་བར་བསྐྱེད། དེའི་སྐབས་སུ་བོད་མི་སྤྱིས་བེད་སྤྱད་དུ་བཏུབ་པའི་ཡི་གེ་ཞིག་མེད་པས་ཐོན་མི་སཾ་བྷོ་ཊ་ལ་ཡི་གེ་གསར་དུ་བཟོར་བཅུག མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་མདོ་སྡེ་དུ་མ་ཐོག་མར་བོད་སྐད་དུ་བསྒྱུར། དཀོན་མཆོག་གི་རྟེན་མང་དུ་བཞེངས་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད། ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་ངོ་མཚར་གྱི་འཕྲིན་ལས་བླ་ན་མེད་པ་དག་མཛད་དོ།། 

 དེ་ནས་ཡང་རྒྱལ་རབས་ལྔ་འདས་པ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན་ཅིང༌། མཁན་ཆེན་ཞི་བ་འཚོ་དང་ཨོ་རྒྱན་པདྨ་སཾ་བྷ་ཝ་རྣམ་གཉིས་སྤྱན་དྲངས་ཏེ། དམ་པའི་ཆོས་ལ་བར་དུ་གཅོད་པའི་ལྷ་འདྲེ་མི་མ་ཡིན་པའི་ཚོགས་ཐམས་ཅད་ཚར་བཅད། རབ་བྱུང་ངུར་སྨྲིག་ཅན་དང་གོས་དཀར་ལྕང་ལོ་ཅན་གྱི་དགེ་འདུན་པའི་སྡེ་བཙུགས། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་བཞེངས།

 པཎྜི་ཏ་དང་ལོ་ཙཱ་པ་མང་པོ་གདན་དྲངས་ཞིང༌། བོད་ཀྱི་གཞོན་ནུ་མང་པོ་ལའང་ལོ་ཙཱ་བསླབས། པཎྜི་ཏ་ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་མི་ཏྲ་དང་སངས་རྒྱས་གསང་བ་སོགས་པཎྜི་ཏ་རྣམས་དང༌། བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་སོགས་སྤྲུལ་བའི་ལོ་ཙཱ་པ་རྣམས་ཀྱིས་མདོ་རྒྱུད་བཀའ་བསྟན་གྱི་ཆོས་དུ་མ་བསྒྱུར་ཅིང་འཆད་ཉན་གྱིས་གཏན་ལ་ཕབ། མཆིམས་ཕུ་དང་ཡེར་བ་དང་ཆུ་བོ་རི་རྣམས་སུ་སྒྲུབ་སྡེ་ཆེན་པོ་གསུམ་བཙུགས་པ་སོགས་ཀྱིས་སྐྱེ་བོ་དུ་མས་མཆོག་གི་དངོས་གྲུབ་ཐོབ་ནས་བོད་གངས་ཅན་གྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དོ། །

དེས་ན་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་ནས། 

རྒྱལ་བསྟན་ལྗོངས་འདིར་འདྲེན་པ་མེས་དབོན་གསུམ།།

བསྟན་པའི་རྒྱལ་མཚན་སྒྲེང་མཛད་མཁན་སློབ་ཆོས།།

བསྟན་པ་ཡུན་དུ་སྐྱོང་བ་བསྟན་འཛིན་ཚོགས།།

འདི་རྣམས་བོད་ལ་བཀའ་དྲིན་འགྲན་ཟླ་བྲལ།།

གངས་ལྗོངས་སྨྲ་བའི་སྒོ་འབྱེད་སཾ་བྷོ་ཊ།།

མདོ་རྒྱུད་བསྟན་པའི་སྣང་བྱེད་སྐ་ཅོག་ཞང༌།།

བཅུ་ཕྲག་རིག་ལམ་གསལ་བྱེད་མཁས་དབང་ཚོགས།།

འདི་དག་བོད་ཡུལ་ཆོས་ཀྱི་ཉི་མ་ཡིན།།

དེ་ཕྱིར་མདོ་རྒྱུད་རིག་གནས་བཅས་པ་ཡི།།

ཤིང་རྟའི་ལམ་སྲོལ་སྔ་འགྱུར་པ་ཡིས་ཕྱེས།།

དེ་ཡི་རྩ་ལག་རིས་བྲལ་དམ་པས་སྤེལ།།

དེང་སང་བར་དུ་བསྟན་པའི་མངའ་ཐང་རྒྱས།། ཞེས་དང༌། 

ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས།།

མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །

གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས།།ཞེས་གསུངས་སོ།།

དེ་ལྟར་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་ནས་བཟུང་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཡན་ཆད་དུ་བསྒྱུར་པའི་ཆོས་བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་གསང་སྔགས་སྔ་འགྱུར་བའི་ཆོས་ཞེས་བྱ་སྟེ། ཉན་ཐོས་བྱེ་བྲག་སྨྲ་བ་ནས་འོད་གསལ་རྫོགས་པ་ཆེན་པོའི་བར་གྱི་ཐེག་པ་རིམ་པ་དགུ་པོའི་ལྟ་བའི་འཛིན་མཚམས། སྒོམ་པའི་སྐྱོང་ཐབས། མན་ངག་གི་གནད་གསང༌། མཐར་ཐུག་འབྲས་བུ་ཐོབ་ཚུལ་དང་བཅས་པ་ཚང་ལ་མ་ནོར་བ་ཡིན་ཏེ།

      ཀུན་མཁྱེན་མི་ཕམ་རྒྱ་མཚོས། 

བསྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ།།

ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར།།

བཀའ་དང་དགོངས་པ་འགྲེལ་པའི་གཞུང་ཀུན་རྫོགས།།ཞེས་གསུངས་སོ།། དེ་ལྟར་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་ཞེས་པ་འདི་རྒྱ་ཆོས་བོད་ལ་འགྱུར་ཚུལ་གྱི་ཐོག་ནས་ཕྱེས་པ་ཡིན་པས་དེ་ལ་མུ་བཞི་སྟེ། སྔ་འགྱུར་ཁོ་ན་ཡིན་པ་མདོ་སྒྱུ་སེམས་གསུམ་གྱི་གཞུང་ཕལ་མོ་ཆེ། ཕྱི་འགྱུར་ཁོ་ན་ཡིན་པ་ཐར་ལོའི་གསར་འགྱུར་བཅུ་གསུམ་ལྟ་བུ། གཉིས་ཀ་ཡིན་པ་རྒྱུད་གསང་བ་སྙིང་པོ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། མཉམ་སྦྱོར༌། གསང་འདུས་ལྟ་བུ། གཉིས་ཀ་མ་ཡིན་པ་བོད་ཀྱི་སྐད་དུ་མ་འགྱུར་བ་གནས་གཞན་ན་བཞུགས་པའི་གསང་སྔགས་ཀྱི་རྒྱུད་སྡེ་ལྟ་བུ་ཡིན། དེའི་གསར་འགྱུར་ཁོ་ན་ཡིན་པའི་མུ་ལྟ་བུ་འགའ་རེ་མ་གཏོགས་པ་དེང་སང་བོད་ཡུལ་དུ་ཡོད་པའི་མདོ་རྒྱུད་བཀའ་བསྟན་གྱི་གཞུང་འདི་དག་ཡོངས་སུ་རྫོགས་པ་སྔ་འགྱུར་གྱི་དུས་སུ་བསྒྱུར་ཟིན་པ་ཡིན་ནོ། །


 བརྗོད་བྱའི་སྒོ་ནས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་འབབ་ས་མཐར་གཏུགས་ན་གཅིག་པ་ཁོ་ན་ཡིན། འོན་ཀྱང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་མཐར་ཐུག གསུང་རབ་དགོངས་འགྲེལ་དང་བཅས་པའི་ཉིང་ཁུ་གཅིག་པུ་ཡེ་སངས་རྒྱས་པའི་ལྟ་བ་དང་རྩོལ་མེད་ཀྱི་བསྒོམ་པ་དག་ཐད་ཀར་རམ་བརྒྱུད་ནས་སྟོན་པ་དང་གསལ་བའམ་མི་གསལ་བའི་ཚུལ་གྱིས་སྟོན་པ་ལ་ནི་ཁྱད་པར་ཆེན་པོ་ཡོད་དེ། རྒྱུད་དགོངས་འགྲེལ་དང་བཅས་པ་ལ་བལྟས་པས་ཤེས་པར་འགྱུར་རོ།། བརྗོད་བྱའི་ཐོག་ནས་ཁྱད་པར་ཡོད་པར་མ་ཟད་བསྒྱུར་བའི་ཚུལ་ལའང་ཁྱད་པར་ཡོད་དེ། དཔལ་རོང་ཟོམ་པཎྜི་ཏའི་ཞལ་ནས། སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ་ནི། འཕགས་པ་རིགས་གསུམ་མགོན་པོའི་སྤྲུལ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་ཡོན་བདག་མཛད་ནས་བསྒྱུར་ཏེ། རྒྱལ་པོ་མངའ་ཐང་ཆེ་བས་ཕྱོགས་ཀྱི་མཁས་པ་དང་གྲུབ་པ་རྣམས་བསྡུས་ཏེ་བསྒྱུར་པའི་ཁུངས་བཙུན་པ་དང༌། 


 གཉིས་པ་གང་དུ་བསྒྱུར་བའི་གནས་ཀྱི་ཆེ་བ་ནི། གཙུག་ལག་ཁང་ཁྱད་པར་ཅན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལྟ་བུ་སྟེ། དམ་པའི་ཆོས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་ལ་རང་བྱན་ཆུབ་པའི་ལོ་པཎ་མཁས་གྲུབ་དུ་མ་བཞུགས་ཤིང་སྒྲ་བསྒྱུར་གྱི་གྲྭ་དང༌། རྒྱ་དཔེ་དུ་མ་དཔང་པོར་བཞུགས་པའི་གནས་ཁྱད་པར་ཅན་དེ་ལྟ་བུ་ན་མི་ཤེས་པ་དག་གིས་གཟུ་ལམ་བྱ་བའི་ཡུལ་མེད་པའི་ཕྱིར་རོ།།

 གསུམ་པ་སྒྱུར་བ་པོ་ལོ་ཙཱ་བའི་ཆེ་བ་ནི། ཕྱི་འགྱུར་གྱི་སྐབས་སུའང་ལོ་ཆེན་རིན་ཆེན་བཟང་པོ་སོགས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བའི་ལོ་ཙཱ་བ་ཆེས་ཕུལ་དུ་བྱུང་བ་དག་ཡོད་པ་སྨོས་མ་དགོས་ཀྱང༌། བསྟན་པ་སྔ་དར་གྱི་དུས་སུ་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་སོགས་སྤྲུལ་བའི་ལོ་ཙཱ་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཆེན་པོ་དང་ལྡན་པ་དག་གིས་བསྒྱུར་པས་བརྗོད་དོན་བརྡ་སྤྲོད་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཏེ།

       རྔོག་ལོ་ཆེན་པོའི་ཞལ་ནས།

བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ།།

སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།།

རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ།།

ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །ཞེས་སོ།།

 བཞི་པ་པཎྜི་ཏའི་ཆེ་བ་ནི། 

     འཇམ་མགོན་ས་པཎ་གྱི་ཞལ་ནས། 

སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ།།

བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ།།

བློ་གསལ་དབང་པོ་པདྨའི་ངང་ཚུལ་ཅན།།

རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན།། ཞེས་པ་ལྟར་རྩོད་མེད་ཀྱི་པཎྜི་ཏ་ཆེན་པོ་དུ་མ་དཔང་པོར་བཞག་སྟེ། ལོ་པཎ་གདན་འཛོམས་ནས་ཡང་ཡང་བསྡུར་ཏེ་བསྒྱུར་བས་ལྷད་དང་བྲལ་བ་ཡིན་ནོ།། 

ལྔ་པ་ཕྱག་རྟེན་མེ་ཏོག་གི་ཆེ་བ་ནི། ཆོས་ཀྱི་རྒྱལ་པོ་དག་གི་མངའ་ཐང་གི་སྟོབས་ཀྱིས་གསེར་མང་པོ་ཡོན་དུ་ཕུལ་ནས་མཁས་གྲུབ་དེ་སྙེད་ཅིག་གདན་ཞུས་མཛད། ཆོས་སྒྱུར་གྱི་མཐུན་རྐྱེན་འབོར་ཆེན་སྦྱར་བས་མདོ་སྔགས་བསྟན་པ་ཡོངས་རྫོགས་ཡང་དག་པར་བསྒྱུར་ཐུབ་པ་ཡིན་ནོ།།

 དྲུག་པ་བསྒྱུར་བྱ་ཆོས་ཀྱི་ཆེ་བ་ནི། སྔ་འགྱུར་གྱི་དུས་སུ་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པར་གནས་པ་དང༌། འཕགས་ཡུལ་ན་མེད་པའི་རྒྱུད་སྡེ་མང་པོའང་ཨོ་རྒྱན་ཆེན་པོ་སོགས་ཀྱིས་ཡུལ་གཞན་ནས་གདན་དྲངས་པ་དང༌། མདོ་སྒྱུ་སེམས་གསུམ་གྱི་ཆོས་ཟབ་པ་དང་རྒྱ་ཆེ་བ་ཕྱི་འགྱུར་ལ་མ་གྲགས་པ་རྣམས་ཀྱང་རྙེད་པས་བསྒྱུར་བྱའི་ཆོས་མ་ཚང་བ་མེད་པའི་ཕུན་སུམ་ཚོགས་པ་ཡིན་ཏེ། ཕྱིས་ཇོ་བོ་རྗེ་བོད་དུ་བྱོན་པ་ན་བསམ་ཡས་ཀྱི་རྒྱ་དཔེ་གཟིགས་ནས་ཧ་ལས་པའི་ཚུལ་གནང་འདུག་པ་ལྟ་བུའོ། །

 དེ་ལྟར་ཆེ་བ་རྣམ་པ་དྲུག་དང་ལྡན་པའི་རྙིང་མའི་ཆོས་དེའི་ངོ་བོ་ནི། བོད་དུ་འགྱུར་བའི་བཀའ་མདོ་སྒྱུ་སེམས་གསུམ་ཆ་ལག་དང་བཅས་པའི་བརྗོད་བྱ་དང་རྗོད་བྱེད་གང་རུང་དུ་གྱུར་པ་གང་ཞིག་གཙོ་བོ་པཎྜི་ཏ་སྨྲྀ་ཏི་བྱོན་པ་ཡན་ཆད་དུ་བྱུང་བ་ཞེས་བྱ་ཞིང༌། རྙིང་མ་པ་ཞེས་པ་ནི། གཙོ་བོ་མདོ་སྒྱུ་སེམས་གསུམ་ཆ་ལག་དང་བཅས་པའི་ལམ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་ལེན་པའི་གང་ཟག་གོ། དེས་ན་རྙིང་ཆོས་ཟབ་མོ་མདོ་སྒྱུ་སེམས་གསུམ་དོར་ནས་ཁ་དོག་དཀར་དམར་སོགས་རྟོག་གེའི་རིགས་པ་ཙམ་རེ་དང༌། གཞུང་པོ་ཏི་ལྔའི་ཚིག་གི་དགག་གཞག་ཙམ་རེས་རྙིང་བསྟན་འཛིན་པར་འདོད་པའི་དཔེ་ཆ་བ་དང༌། མདོ་སྒྱུ་སེམས་གསུམ་གྱི་མཚན་དོན་ཙམ་ཡང་འཆད་མཁན་དང་ཉན་མཁན་གཉིས་ཀ་མེད་པར་འབུད་རྡུང་དཀྲོལ་གསུམ་ཙམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་འདོད་པའི་དགོན་པ་རྣམས་དང༌། མི་ཚེ་གཅིག་པོར་མདོ་སྒྱུ་སེམས་གསུམ་གྱི་དོན་ལ་ཉིན་གཅིག་གི་ཐོས་བསམ་སྒོམ་པ་ཙམ་ཡང་བྱེད་མ་མྱོང་བར་གྲོང་ཆོག་ཁོ་ནས་དུས་འདའ་བ་དག་ནི་རྙིང་མའི་མཁས་པ་དང༌། རྙིང་མའི་དགོན་པ་དང༌། རྙིང་མ་པ་ཞེས་བརྗོད་ཀྱང་དོན་ལ་དཀའ་བར་གནས་སོ།།

 དེ་འདྲའི་རྙིང་མ་དེས་རྒྱལ་བའི་དགོངས་པ་གཏན་ལ་འབེབས་ཚུལ་ནི། སྔ་འགྱུར་གྱི་མདོ་རྒྱུད་གཉིས་ཀའི་དགོངས་པར་ཉན་ཐོས་བྱེ་མདོ་གཉིས་ཀྱིས་གང་ཟག་གི་བདག་མེད་རྟོགས་པ་དང་ཉོན་སྒྲིབ་སྤངས་པ་ཡོད་ལ། དེའི་དབང་གིས་ལམ་དེས་རང་ལུགས་ན་བསྟན་པའི་དགྲ་བཅོམ་པ་འཐོབ་རྒྱུའང་ཡོད་པ་དང༌། རང་སངས་རྒྱས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་བདག་མེད་ཕྱེད་རྟོགས་པ་དང་ཤེས་སྒྲིབ་ཕྱེད་སྤངས་པ་ཡོད་པས་ལམ་དེས་ཀྱང་རང་ལམ་ན་བསྟན་པའི་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡོད་པར་འདོད།

 སེམས་ཙམ་པས་དངོས་པོ་གཞན་རྣམས་བདག་མེད་དུ་རྟོགས་ཀྱང་རྣམ་ཤེས་ཀྱི་ཕྱོགས་ལ་འཛིན་པ་ཅུང་ཟད་ལྷག་མར་ལུས་པས་ཆོས་ཀྱི་བདག་མེད་ཕྲ་བ་མ་རྟོགས་པ་དང༌། ཤེས་སྒྲིབ་ཕྲ་བའང་མ་སྤངས་པ་ཡིན། དེའི་ཕྱིར་དེས་རང་གི་འབྲས་བུ་དངོས་སུ་མི་འཐོབ་སྟེ། དེའི་དོན་དུ་གཉེར་བྱའི་འབྲས་བུ་ནི་སངས་རྒྱས་ཡིན་ལ། དེ་འཐོབ་པ་ལ་རྟོགས་བྱ་མཐའ་དག་རྟོགས། སྤང་བྱ་མཐའ་དག་སྤང་དགོས་པའི་ཕྱིར་རོ།། དེ་བས་ན་ཐེག་པ་ཆེན་པོའི་འབྲས་བུ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ནི་དབུ་མ་པ་ཡན་ཆད་ཡིན་ནོ། །

 དེ་ཡང་བཀའ་འཁོར་ལོ་བར་བའི་དགོངས་དོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་རང་ལུགས་ལྟར་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བའི་རིགས་པ་དག་ལ་བརྟེན་ཏེ་ཐོག་མ་མེད་པ་ནས་གོམས་པའི་བདེན་ཞེན་གྱི་ཡུལ་སུན་ཕྱུངས་ནས་བདེན་འཛིན་ཕྲ་རགས་མཐའ་དག་རྩད་ནས་གཅོད། བཀའ་འཁོར་ལོ་ཐ་མའི་དགོངས་དོན་རྒྱལ་ཚབ་བྱམས་མགོན་དང་འཕགས་པ་ཐོགས་མེད་ཞབས་ཀྱི་རང་ལུགས་བཞིན་རིགས་ཁམས་བདེར་གཤེགས་སྙིང་པོའི་རྣམ་གཞག་ཐམས་ཅད་ཚིག་གཅིག་ཀྱང་འདོར་རྒྱུ་མེད་པར་སེམས་ཉིད་སྟོང་པ་ཆེན་པོའི་རང་གདངས་འོད་གསལ་བའི་ཡེ་ཤེས་སུ་ཁས་ལེན། 

   རང་སེམས་འོད་གསལ་བདེར་གཤེགས་སྙིང་པོ་ཡེ་ནས་ཡོད་པར་འདོད་པ་འདི་དཔལ་རོང་ཟོམ་པ་ནི་སྔགས་ཀྱི་ལྟ་བའི་ནང་དུ་སྡུད། འཇམ་མགོན་མི་ཕམ་པ་ནི་མདོ་སྔགས་མཚམས་སྦྱོར་གྱི་ལྟ་བ་ཞིག་ཏུ་བཞེད་དེ་གང་ལྟར་བརྗོད་ཀྱང་འགལ་བ་མེད། འདི་ལ་རང་སྟོང་དང་གཞན་སྟོང་ཞེས་པ་ནི་གོ་བ་ལེན་ཤེས་ན་ཚིག་གིས་བརྗོད་ཚུལ་ཐ་དད་པ་ཙམ་ལས་དོན་གྱི་དགོངས་གནད་གཅིག་པར་བཞེད། 

 བོད་ཀྱི་གྲུབ་མཐའ་འགའ་ཞིག་སྟོང་ཕྱོགས་གཙོ་བོར་བྱས་ནས་བརྗོད། འགའ་ཞིག་རྟག་པ་དང་བདེན་པ་དང་ཡོད་པ་གཙོ་བོར་བྱས་ནས་བརྗོད། གཉིས་པོ་གང་ཡིན་ཡང་ཐུགས་དགོངས་བླ་ན་མེད་པ་རེ་ཡོད། དེ་ལྟ་མོད་ཀྱི་སྔ་འགྱུར་པ་དག་གིས་ནི་དེ་གཉིས་གང་ཡང་གཙོ་བོ་མི་བྱེད་དེ། དོན་ལ་སྣང་སྟོང་ཟུང་འཇུག་ཏུ་འདོད་པར་མ་ཟད་བརྗོད་ཚུལ་ཡང་མདོ་སྔགས་གཉིས་ཀའི་སྐབས་སུ་ཟུང་འཇུག་གི་ལམ་ཉིད་རྩལ་འདོན་མཛད་དེ། ཨོ་རྒྱན་ཆེན་པོ་སོགས་སྔ་འགྱུར་གྱི་པཎྚི་ཏ་རྣམས་དང༌། རོང་ཀློང་སོགས་ཀྱི་གསུང་ལ་བལྟས་པས་ཤེས་ཏེ། འདིར་ནི་སྣང་སྟོང་ཕྱོགས་རེར་ཞེན་པའི་འཁྲུལ་གཞི་དང་ཀླན་ཀ་གཉིས་ཆར་སྤངས་པས་བརྗོད་ཚུལ་ཉིད་ཀྱང་ཆེས་མཛེས་པ་ཡིན་ནོ། །

 གསལ་སྟོང་ཟུང་དུ་འཇུག་པའི་བདེར་གཤེགས་སྙིང་པོ་དེ་སྔགས་ཀྱི་སྐབས་སུ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ལྡོག་པ་ནས་སྟོན་ཞིང༌། དེ་ཉིད་གཞི་རྒྱུད་དུ་འདོད། འབྲས་བུའི་རྒྱུད་ཀྱང་དེ་ལ་སྒྲིབ་པའི་དྲི་མ་བསལ་ནས་རང་གི་ངོ་བོ་མངོན་དུ་གྱུར་པ་ཙམ་ཞིག་ལས་གཞན་ཅི་ཡང་མེད་པར་བཞེད། 

 གཉུག་སེམས་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། བྱང་ཆུབ་ཀྱི་སེམས་སོགས་ཀྱང་འདི་ལ་ཟེར་བ་ཡིན། མ་ཧཱ་ཡོ་ག་ཡན་ཆད་ཀྱིས་འདི་ཉིད་ཀྱི་ཐོག་ནས་སྣང་སྲིད་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་གཏན་ལ་ཕབ་ཅིང༌། བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱང་དོན་གྱི་གནས་ཚུལ་དེ་དང་མཐུན་པར་ཉམས་སུ་ལེན་པར་བྱེད་པ་ཡིན་གྱི། མ་དག་པ་ལ་དག་པར་བསྒོམ་པ་མིན་པར་བཞེད། དེས་ན་གྲུབ་མཐའ་འོག་མ་ཐམས་ཅད་ཀྱིས་གཞིའི་རྣམ་གཞག་མང་པོ་ཞིག་གཏན་ལ་ཕབ་པ་དེ་ཐམས་ཅད་ཀྱི་དོན་མཐར་ཐུག་པ་དེ་འདི་ལ་གཏུགས་ནས་ཕུ་ཐག་ཆོད་དགོས་པ་ཡིན་ནོ།། 

དོན་འདི་དག་ཀྱང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་ནས།

ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག། 

མཐར་འཛིན་ལྟ་བའི་འཛིན་སྟང་དྲུངས་ནས་ཕྱུང༌།། 

གཞི་ལམ་འབྲས་བུས་སྣང་སྟོང་ཟུང་དུ་འཇུག། ཅེས་གསུངས་སོ།།


 འདི་དག་རིགས་པའི་ལམ་ནས་སྒྲུབ་ཚུལ་ནི། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་བཞིའི་དགོངས་ཉམས་གཅིག་ཏུ་བསྡུར་ནས་མཛད་པའི་གསང་སྔགས་བཀའི་ཐ་རམ་དང༌། རོང་ཟོམ་པཎྜི་ཏའི་སྣང་བ་ལྷ་སྒྲུབ་དང༌། ཀུན་མཁྱེན་མི་ཕམ་པའི་ངེས་ཤེས་སྒྲོན་མེའི་དྲི་ལན་དྲུག་པ་སོགས་ལས་ཤིན་ཏུ་ངེས་པའི་རིགས་ལམ་ལ་བརྟེན་ནས་ཡང་དག་པར་སྒྲུབ་པར་མཛད་དོ།།

 དེ་ཡང་འཇམ་མགོན་མི་ཕམ་པའི་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ལས། ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས།། ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ།། ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ།། ཅེས་པ་ལྟར་རོ།།


མདོར་ན་རྒྱལ་བའི་འཁོར་ལོ་བར་བ་དང་ཐ་མ། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་དགོངས་འགྲེལ། རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་བཅས་ཐམས་ཅད་འགལ་མེད་གནད་གཅིག་ཏུ་གྱུར་ཏེ། ཀུན་ཁྱབ་རྫོགས་པ་ཆེན་པོའི་གྲུབ་མཐར་འུབ་ཆུབ་པར་གཏན་ལ་འབེབས་པར་བྱེད་པ་ཡིན་ཏེ། དེ་ཉིད་ལས། རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར།། འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ།།ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ།། ཞེས་གསུངས་སོ།།

 ལམ་ཉམས་སུ་ལེན་ཚུལ་ནི། འདུལ་བ་སོ་སོར་ཐར་བའི་སྡོམ་པ་ལ་གཞིར་བྱས། དེའི་ཐོག་ཏུ་ཐེག་ཆེན་སེམས་བསྐྱེད་སྨོན་འཇུག་གི་སྡོམ་པ་དང༌། གསང་བ་སྔགས་ཀྱི་སྡོམ་པ་སྟེ། སྡོམ་པ་གསུམ་པོ་གང་ཟག་གཅིག་གི་རྒྱུད་ལ་གནད་ཀྱིས་འགལ་མེད། ངོ་བོ་གནས་གྱུར། ཡོན་ཏན་ཡར་ལྡན་གྱི་སྒོ་ནས་ཉམས་སུ་ལེན་ཅིང༌། མ་ཀི་བྱེ་བྲག་སྨྲ་བའི་གཞུང་ལས་གསུངས་པའི་ངེས་འབྱུང་ནས་བཟུང་སྟེ། ཡ་ཀི་རྫོགས་པ་ཆེན་པོའི་ཁྲེགས་ཐོད་མན་ཆད་ཀྱི་ཉམས་ལེན་གྱི་གནད་ཐམས་ཅད་མཉམ་གཞག་ཐུན་གཅིག་གི་ནང་དུའང་དོན་གྱིས་འདུས་པར་བྱས་ནས་ཐུགས་ཉམས་སུ་བསྟར་བར་མཛད་དེ། རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་དང༌། རིག་འཛིན་འཇིགས་མེད་གླིང་པའི་ཡོན་ཏན་རིན་པོ་ཆེའི་མཛོད་སོགས་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་སྒོམ་རིམ་དག་ལས་རྒྱ་ཆེར་གསུངས་པ་ལྟར་ཏེ། དེ་ཉིད་ལས། རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང༌།། མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས།། ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ།།ཅེས་དང༌། 

 བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལས།། ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས།། མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།། ཞེས་གསུངས་པ་ལྟར་རོ།།

 མཐར་ཕྱིན་འབྲས་བུ་འཐོབ་ཚུལ་ནི། གསང་སྔགས་བཀའི་ཐ་རམ་སོགས་ལས་མདོ་སྔགས་ཀྱི་འབྲས་བུ་ལ་ཁྱད་པར་མེད་པར་གསུངས་པ་དང༌། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་མདོ་ལམ་ལ་སངས་རྒྱས་འཐོབ་རྒྱུ་མེད་པར་བཞེད་པ་དང༌། གཡུང་སྟོན་རྡོ་རྗེ་དཔལ་སོགས་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་པར་གསུངས་པ་དང༌། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་དང་ཀུན་མཁྱེན་མི་ཕམ་རྣམ་རྒྱལ་སོགས་ནི་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་མི་བཞེད་ཅིང༌། མདོའི་ལམ་ཉམས་སུ་བླངས་ནས་ས་དང་པོ་ཐོབ་པ་ན་སྔགས་ཀྱི་དགོངས་པ་དང་གཅིག་ཏུ་སོང་བས་མདོ་ལམ་གྱིས་ཀྱང་སངས་རྒྱས་རིམ་གྱིས་འཐོབ་པར་བཞེད་པ་སྟེ། དེ་ལྟར་གསུང་ཚུལ་མི་འདྲ་བ་ཅུང་ཟད་རེ་འདུག་ཀྱང༌། ཕལ་ཆེར་གྱི་དགོངས་པ་ནི་འགལ་མེད་དུ་མཐོང་ལ། རྡོ་རྗེ་ཐེག་པའི་སྐབས་སུ་མཐར་འབྲས་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོ་དག་པ་གཉིས་ལྡན་གྱི་སངས་རྒྱས་དེ་སྙིགས་དུས་ཚེ་ཐུང་གཅིག་གི་ཡུན་ལ་བསྐྱེད་རིམ་དང་རྫོགས་རིམ་མམ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་མཐར་ཕྱིན་ཏེ། འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ནས་ཟུང་འཇུག་རྡོ་རྗེ་འཆང་གི་སར་གནས་པ་སྟེ། 

དེ་ཉིད་ལས། 

ཟབ་མོ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད།།

ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས།།

འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར།། ཞེས་གསུངས་སོ།། དུས་ཀྱི་མར་གཤམ་འདིར་ཡང་རྫོགས་པ་ཆེན་པོའི་རྒྱུད་ལས་གསུངས་པའི་གྲོལ་བའི་རྟགས་རྣམས་ལེགས་པར་ཚང་བའི་རྣལ་འབྱོར་གྱི་དབང་ཕྱུག་མང་པོ་མཐོང་བ་དང་ཐོས་སུ་ཡོད་པ་འདི་ནི་སྔ་འགྱུར་གྱི་རྟོགས་པའི་བསྟན་པ་རིན་པོ་ཆེ་ད་དུང་ཡང་མ་ཉམས་པར་ཡོད་པའི་འབྲས་རྟགས་ཡང་དག་ཡིན་ནོ།།


དེ་ལྟ་བུའི་བསྟན་པ་དེའང་བསྡུ་ན་ལུང་དང་རྟོགས་པ་གཉིས་ཡིན་ལ། དེ་ཉིད་འཛིན་པའང་ལུང་གི་ཆོས་ལ་འཆད་ཉན་དང༌། རྟོགས་པའི་ཆོས་ལ་བསྒྲུབ་པ་བྱ་བ་སྟེ། འདི་གཉིས་ལས་འཛིན་ཚུལ་གཞན་པ་མེད་དེ། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་དང༌།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་པ་ལྟར་རོ།། 

 དེས་ན་སྔ་འགྱུར་བའི་དགོན་པ་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་རང་གི་ཚོད་དང་བསྟུན་པའི་བཤད་གྲྭ་རེ་མེད་ཐབས་གཏན་ནས་མེད་ལ། བཤད་གྲྭ་རྣམས་ཀྱིས་གཞུང་པོ་ཏི་ལྔ་ཐུན་མོང་གི་རིག་གནས་དང་བཅས་པ་སྦྱང་རྒྱུའང་གལ་ཆེ་མོད། རྙིང་ཆོས་ཐུན་མོང་མ་ཡིན་པ་རྣམས་ལའང་འཆད་ཉན་གྱི་རྒྱུན་ལེགས་པོ་རེ་ཡོད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། སྤྱིར་བོད་ཡུལ་འདི་ན་རྒྱ་བོད་ཀྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་དག་གིས་མཛད་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་དུ་མ་ཞིག་བཞུགས་མོད། གསང་སྔགས་བླ་མེད་ཀྱི་དགོངས་པའི་གནད་གསང་མཐར་ཐུག་ཞིག་བསླང་དགོས་ཕྱིན། སྔ་འགྱུར་གྱི་རྒྱུད་དང་དགོངས་འགྲེལ་འདི་དག་ལ་མ་བརྟེན་ན་ཆེས་ཤིན་ཏུ་དཀའ་བའི་གནས་སུ་སྣང་བའི་ཕྱིར་རོ།།  

  དེས་ན་རང་ལུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གཞག་ཐམས་ཅད་ལུང་དང་རིགས་པའི་སྒོ་ནས་ནང་བྱན་ཆུད་པར་བྱ་ཞིང༌། གཞན་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གྲུབ་མཐའ་ཡོངས་རྫོགས་ལའང་ཆགས་སྡང་གི་དགག་སྒྲུབ་མེད་པར་དག་པའི་སྣང་བ་རིས་སུ་མ་ཆད་པས་ཁྱབ་པར་བྱེད་པ་ནི་འདི་ཕྱི་གཉིས་ཆར་དོན་ཆེ་བ་ཡིན་ནོ།། དེ་ལྟར་སྔ་འགྱུར་རྙིང་མའི་མདོ་སྔགས་རིག་གཞུང་དང་བཅས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལས་ད་ལམ་འདིར་གཞུང་ཁག་གཅིག་དཔར་དུ་བསྐྲུན་པ་ནི་སྤྱིར་མི་རིགས་ཀྱི་རིག་གནས་ཉམས་གསོ་དང་ཁྱད་པར་རྙིང་མའི་ཆོས་གྲྭའི་སློབ་གཉེར་པ་རྣམས་ཀྱི་སློབ་སྦྱོང་སོགས་དང་གཞན་ཡང་འདི་ཕྱོགས་སུ་ལྟ་རྟོག་བྱེད་པར་འདོད་པ་རྣམས་ཀྱི་ཉེ་བར་མཁོ་བ་དང་བསྟུན་ནས་ཐུན་མོང་གི་རིག་གནས་ནས་སྔགས་བླ་མེད་བར་གྱི་གཞུང་གལ་ཆེ་བ་འགའ་ཞིག་བདམས་བསྒྲིགས་བྱས་པ་ལགས་ཏེ།དེ་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་འཆར་འགོད་གནང་བ་དང༌། མདོ་སྨད་རེབ་ཀོང་གི་འབའ་སེང་ཁྲི་ཆོས་གྲྭའི་མཁན་སློབ་གྲྭ་ཚང་དང་བཅས་པས་ཐུགས་ཁུར་རྒྱ་ཆེར་བཞེས་ཏེ། ལོ་འགའ་ཞིག་གི་རིང་ལ་མ་དཔེ་འཚོལ་སྡུད་དང༌། རྩིས་འཕྲུལ་ནང་དུ་ཡིག་གཟུགས་བཅུག་རྒྱུ་དང༌། ཞུས་དག་བྱ་རྒྱུ་བཅས་ཀྱི་བགྱི་བ་ཐམས་ཅད་མཐར་ཕྱིན་པར་མཛད་པ་དང༌། བསྟན་པའི་སྦྱིན་བདག་རྣམ་དཀར་ལ་བརྩོན་པ་རྣམས་ཀྱིས་དཔར་ཡོན་སྦྱར་བ་ལ་བརྟེན་ནས་ལེགས་གྲུབ་བྱུང་བའོ།།

ཇི་སྐད་དུ།

རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད།།

མཁས་གྲུབ་བྱེ་བས་ཞལ་ནས་སྙན་དུ་བརྒྱུད།།

རྟོག་གེ་ངན་པས་རང་བཟོས་མ་བསླད་པ།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག། ཅེས་དང༌། 

བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ།།

བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པར།།

མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

ཅེས་བདེན་ཚིག་གྲུབ་པའི་གསུང་གིས་སྨོན་ལམ་མཛད་པ་བཞིན་དུ་སྙིང་ནས་སྨོན་པ་ལགས་སོ། །


 ཞེས་པ་ནི་འབའ་སེང་ཁྲི་དགོན་པའི་མཁན་དགེ་འདུན་སོགས་དང༌། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐུལ་མ་མཛད་པའི་གསུང་མི་གཅོག་པ་ཙམ་གྱི་ཕྱིར་དུ་ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་རབ་རྒྱན་མེ་ཁྱི་ལོའི་སྟོན་ཟླ་ར་བའི་ཚེས་བཞི་ཉིན་གྲོང་ཁྱེར་པདྨ་ཅན་དུ་བྲིས་པའོ།། །།



       

您可能也对以下帖子感兴趣

文章有问题?点此查看未经处理的缓存